སྲིད་འཆར་སྡེ་ཚན།

སྡེ་ཚན་གྱི་སྒྲིག་བཀོད།

སྲིད་བྱུས་དང་འཆར་གཞི་སྡེ་ཚན།  དངུལ་རྩིས་ལྷན་ཁག།

༡. སྲིད་བྱུས་དང་འཆར་གཞི་སྡེ་ཚན་གྱི་རྒྱབ་ཁུངས།

སྲིད་བྱུས་དང་འཆར་གཞི་སྡེ་ཚན་འདི་ལྷན་ཁག་གི་སྲིད་བྱུས་ཡན་ལག་གཅིག་ཨིན།  སྲིད་བྱུས་དང་འཆར་གཞི་སྡེ་ཚན་འདི་གཙོ་བོ་རང་ལྷན་ཁག་གི་དམིགས་གཏད་བཟོ་བཀོད་ཀྱི་དོན་ལུ་སྲིད་བྱུས་འགོ་འདྲེན་འཐབ་ནི་དང་འཆར་གཞི་བཟོ་ནི་འདི་ཨིན། འདི་ཡང་ལས་ཁུངས་དང་སྡེ་ཚན་ཚུ་རང་སོའི་འགན་ཁུར་ཚུ་ལྷན་ཁག་གི་འཆར་སྣང་དང་རྒྱལ་ཡོངས་ཀྱི་དམིགས་པ་དང་འཁྲིལ་ངེས་བརྟན་བཟོ་ནི་དོན་ལུ་ཨིན།

སྲིད་བྱུས་དང་འཆར་གཞི་སྡེ་ཚན་ལུ་ཁོང་རའི་འགན་ཁུར་སྤྲོད་ནི་དོན་ལུ་སྡེ་ཕྲན་༤ཡོད།

༡. སྲིད་བྱུས་འགོ་འདྲེན་དང་འཆར་གཞི་ལས་ཚན།

༢. ལྟ་རྟོག་དང་དབྱེ་ཞིབ་ལས་ཚན།

༣. བརྡ་བརྒྱུད་དང་གནས་ཚུལ་ལས་ཚན།

༤. རྫོང་ཁ་འགོ་འདྲེན་ལས་ཚན།

༡.༢ སྲིད་བྱུས་འགོ་འདྲེན་དང་འཆར་གཞི་ལས་ཚན།

ལས་ཚན་འདི་གི་འགན་ཁུར་གཙོ་བོ་རང་ལྷན་ཁག་གི་འཆར་གཞི་ལས་རིམ་དང་ལས་འགུལ་ཚུ་བཟོ་ནི་འདི་ཨིན། ལས་ཚན་འདི་གིས་ཞིབ་འཚོལ་དང་སྲིད་བྱུས་ཀྱི་དབྱེ་དཔྱད་ཚུ་འགོ་འདྲེན་འཐབ་སྟེ་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དམིགས་པ་དང་ ལས་རིམ་ཚུ་དང་གཅིག་ཁར་ གཅིག་མཐུན་དང་ཤོ་མཚུངས་སྦེ་ངེས་བརྟན་བཟོཝ་ཨིན།  ལས་ཚན་འདི་གིས་ལྷན་ཁག་འོག་ལུ་ཡོད་པའི་ལས་ཁུངས་སོ་སོ་ཚུ་གིས་ལག་ལེན་འཐབ་དགོ་པའི་ལས་འགུལ་ཚུ་ཡོད་རུང་ འགོ་འདྲེན་འཐབ་ཨིན།

ལས་ཚན་འདི་གིས་འགན་ཁུར་གཞན་ཡང་དངུལ་རྩིས་ལྷན་ཁག་འདི་ལྷན་རྒྱས་གཞུང་ཚོགས་དང་གཅིག་ཁར་སྤྱི་ཚོགས་ནང་འབྲེལ་བ་འཐབ་ནི་འགོ་འདྲེན་ཡང་འཐབ་དགོཔ་ཨིན།  དེ་མ་ཚད་ལྷན་ཁག་གི་ལས་ཁུངས་དང་ལས་སྡེ་ཚུ་གི་ནང་འཁོད་འབྲེལ་འཛིན་པ་དང་ཕྱིའི་འབྲེལ་གཏོགས་ཅན་ཚུ་གི་བར་ན་ཡང་ཕན་ཐབ་བཟོཝ་ཨིན།

སྲིད་བྱུས་ཀྱི་གནད་དོན་དང་གྲོས་ཐག་ཚུ་གར་ མི་རྗེ་བློན་པོ་གིས་ ཁྲི་འཛིན་མཛད་ཐོག་ལས་ སྲིད་བྱུས་དང་འཆར་གཞི་འགོ་འདྲེན་ཞལ་འཛོམས་སྐབས་ལུ་ གྲོས་བསྡུར་མཛདཔ་ཨིན། ལས་ཚན་འདི་གིས་ཞལ་འཛོམས་ནང་གི་  གྲོས་ཆོད་ཚུ་ལག་ལེན་འཐབ་ནི་དོན་ལུ་འགོ་འདྲེན་འཐབ་ནི་འགན་ཁུར་ཡང་ཕོགཔ་ཨིན།

ལས་ཚན་འདི་གི་འགན་ཁུར་ཁག་ཆེ་ཏོག་ཏོ་གཅིག་འདི་དངུལ་རྩིས་བློན་པོ་གིས་སྤྱི་ཚོགས་ནང་སྤྱན་འབུལ་འབད་ནིའི་དོན་ལུ་ལོ་བསྟར་འཆར་དངུལ་བཟོ་ནིའི་ནང་ སྣ་འཁྲིད་འབད་ནི་འདི་ཨིན།  དེ་མ་ཚད་ལས་ཚན་འདི་གིས་གཞུང་གི་ཐབས་ཤེས་གཙོ་བོ་ཚུ་ལེགས་བཅོས་འབད་ནིའི་ ནང་ཡང་འགོ་ཁྲིད་འབད་ནི་ཨིན།

༡.༣  ལྟ་རྟོག་དང་དབྱེ་ཞིབ་ལས་ཚན།

ལས་ཚན་འདི་གི་འགན་ཁུར་འདི་དངུལ་རྩིས་ལྷན་ཁག་གི་བསམ་འཆར་དང་བསམ་ལན་དགོཔ་ཡོད་མི་ཚུ་གི་ སྲིད་བྱུས་དང་ཁྲིམས་བཟོ་བསྐྱར་ཞིབ་འབད་ནིའི་འགན་ཁུར་འབགཔ་ཨིན།ལས་ཚན་འདི་གི་འགན་ཁུར་གཞན་ཡང་དངུལ་རྩིས་ལྷན་ཁག་དང་འབྲེལ་བ་ཡོད་པའི་རྒྱལ་ཡོངས་དང་རྒྱལ་སྤྱི་ལས་ཚོགས་ཚུ་དང་གཅིག་ཁར་ངོ་ཚབ་འབད་ནི་ཨིན།

དེ་མ་ཚད་ལས་ཚན་འདི་གིས་ ལྷན་ཁག་གི་ལོ་བསྟར་འཆར་གཞི་ ལོ་ལྔའི་འཆར་གཞི་དང་ གྲོགས་རམ་མཉམ་འབྲེལ་ཞལ་འཛོམས་ཀྱི་བར་མཚམས་བསྐྱར་ཞིབ་ཚུ་འབད་ནིའི་འགན་འཁུར་འབགཔ་ཨིནམ་དང་ ལས་ཚན་འདི་གིས་འབྲེལ་ཡོད་ཀྱི་ཆེ་དངུལ་འབྲེལ་དང་མི་མང་དངུལ་འབྲེལ་གནད་དོན་ཐོག་ལུ་གློ་བུར་གྱི་ ལྟ་རྟོག་དང་ དཔྱད་ཞིབ་སྦྱོང་ལཱ་ཚུ་འབྲེལ་ཡོད་ཀྱི་ལས་ཁུངས་ཚུ་དང་གཅིག་ཁར་གྲོས་སྟོན་འབདཝ་ཨིན།

ལས་ཚན་འདི་ དམིགས་གསལ་དུ་ དངུལ་རྩིས་ལྷན་ཁག་གི་ལས་ཁུངས་དང་ལས་སྡེ་ཚུ་གིས་ བརྩམས་ཡོད་པའི་སྲིད་བྱུས་ཚུ་གི་ཕན་གནོད་བརྟག་ཞིབ་འབད་ནིའི་འགན་ཁུར་ཕོགཔ་ཨིན།

༡.༤ བརྡ་བརྒྱུད་དང་གནས་ཚུལ་ལས་ཚན།

ལྷན་ཁག་གི་བརྡ་བརྒྱུད་མགྲིན་ཚབ་ཨིན་པའི་ཁར་མི་རྗེ་བློན་པོ་དང་དྲུང་ཆེན་གྱི་ཐད་ཀར་བལྟ་བཀོད་འོག་ལུ་ཨིནམ་ལས་ལས་ཚན་འདི་གིས་བརྡ་བརྒྱུད་དང་ བརྡ་བརྒྱུད་གཙོ་བོདང་ མི་སྡེའི་བརྡ་བརྒྱུད་ཚུ་གི་ཤེས་ཡོན་འཛིན་སྐྱོང་འབད་ནིའི་འགན་ཁུར་ཕོགཔ་ཨིན།

༡.༥   རྫོང་ཁ་འགོ་འདྲེན་ལས་ཚན།

སྲིད་བྱུས་དང་འཆར་གཞི་སྡེ་ཚན་གྱི་འགན་ཁུར་གཙོ་བོ་གཅིགཔོ་འདི་ ལོ་བསྟར་གྱི་འཆར་དངུལ་སྒྲ་སྒྲིག་འབད་མི་འདི་མི་རྗེ་བློན་པོ་གིས་ནམ་བྱཱ་གི་སྤྱི་ཚོགས་ནང་ལུ་  སྤྱན་འབུལ་ཞུ་ནི་དང་འབྲེལ་སྙན་ཞུ་  གསལ་བཤད་ དང་ རྩིས་ཐོ་ཚུ་སྤྱི་ཚོགས་ནང་གཟིགས་འབུལ་དོན་ལུ་རྫོང་ཁའི་ནང་སྐད་སྒྱུར་འབད་ནི་འདི་ཨིན།  དེ་མ་ཚད་ལྷན་ཁག་གི་འཕྲལ་འཕྲལ་སྦེ་རང་ཆིངས་ཡིག་ མཐུན་གྲོས་ དང་ཁྲིམས་བཟོ་ཚུ་སྐད་སྒྱུར་འབད་འདི་སྤྱི་ཚོགས་ནང་ཆ་སྦྱོར་གྱི་དོན་ལུ་ཕུལ་ནི་འདི་ཨིན།  དེ་འབདཝ་ལས་ལས་ཚན་འདི་གི་ འགན་ཁུར་ཚུ་ཡང་ སྙན་ཞུ་  མཐུན་གྲོས་ ཁྲིམས་བཟོ་ དང་གཞན་ལཱ་འགན་ཚུ་ལྷན་ཁག་གི་ཧོངས་ལས་སྐད་སྒྱུར་འབད་ནི་འདི་ཨིན།

༡.༦  བློན་པོ་དང་དྲུང་ཆེན་ཡིག་ཚང་ལུ་ཞལ་བཀོད་གྲོགས་རམ་ཞབས་ཏོག།

སྲིད་བྱུས་དང་འཆར་གཞི་སྡེ་ཚན་འདི་གིས་བློན་པོ་དང་དྲུང་ཆེན་ཡིག་ཚང་ལས་གནང་མིའི་ལཱ་འགན་ཚུ་འབག་ནི་དོན་ལུ་ཞལ་བཀོད་གྲོགས་རམ་ཞབས་ཏོག་ཡང་བྱིན་དོ་ཡོདཔ་ཨིན།

 679 ཡོངས་བསྡོམས་བལྟ་མི།,  2 ད་རིས་བལྟ་མི།

Print Friendly, PDF & Email