ལས་སྡེ་འགོ་འདྲེན་ལྟེ་བ།

རྒྱབ་ཁུངས།

དེང་སང་གཞུང་དང་དབང་ཚད་ཕྱིར་སྤེལ་གྱི་ལཱ་འགན་འབད་བཙོན་གྱིཆ་ཤས་ཅིག་སྦེ་འབྲུག་གཞུང་གིས་སྤྱི་ལོ་ ༡༩༩༨ ལུ་ རྒྱལ་ཁབ་ནང་གཞུང་སྐྱོང་ལེགས་ལྡན་ཡར་འཕར་གཏང་ནི་ལུ་  ཐབས་ལམ་གྱི་རིམ་པ་ཚུ་ནང་འཛུལ་ནུག།

འ་ནཱི་ཐབས་ལམ་ཚུ་གི་ ཆ་ཤས་ཅིག་སྦེ་ གཞུང་གིས་ནང་འཁོད་རྩིས་ཞིབ་ཞབས་ཏོག་འདི ལག་ལེན་ནང་འཇོན་ཐང་ དོན་སྨིན་  དྭངས་གསལ་དང་འགན་འཁྲི་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ནང་གི་ཆ་ཤས་ཅིག་སྦེ་གཞི་བཙུགས་འབད་ནུག།

དེ་དང་འཁྲིལ་ཏེ་ སྤྱི་ལོ་༢༠༠༠ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༡ ལུ་ ནང་འཁོད་རྩིས་ཞིབ་སྡེ་ཕྲན་འགོ་ཐོག་གཞི་བཙུགས་འབདཝ་དང་གཅིག་ཁར་ ལས་བྱེད་པ་བསྡོམས་བཅུ་བདུན་འབད་མི་འདི་ཞི་གཡོག་ནང་འཁོད་ཀྱི་སྒྲིག་གཞི་སྣ་ཚོག་དང་རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལས་གདམ་འཐུ་འབད་ནུག།

ད་རེས་འབདཝ་ད་ནང་འཁོད་རྩིས་ཞིབ་སྡེ་ཕྲན་འདི་ལྷན་ཁག་ ༡༠ རྫོང་ཁག་ ༢༠ དང་ རང་སྐྱོང་ལས་སྡེ་ ༢ དང་བཅས་བསྡོམས་ཀྱིས་ནང་འཁོད་རྩིས་ཞིབ་པ ༤༨ ཡོདཔ་ཨིན།

ལས་སྡེ་འགོ་འདྲེན་ལྟེ་བ་འདི་ རྒྱལ་ཡོངས་ནང་འཁོད་རྩིས་ཞིབ་སྡེ་ཕྲན་ག་རའི་དོན་ལུ་ནང་འཁོད་རྩིས་ཞིབ་ཞབས་ཏོག་བྱིན་ནིའི་དོན་ལུ་སྤྱི་ལོ་ ༢༠༡༠ ལོ་ལུ་ནང་འཁོད་རྩིས་ཞིབ་བཀའ་ཁྲིམས་ཐོག་ལུ་དངུལ་རྩིས་བློན་པོའི་ཕྱག་རྟགས་གནང་སྟེ་གཞི་བཙུགས་འབད་ནུག །  ལས་སྡེ་འགོ་འདྲེན་ལྟེ་བ་ལུ་ འཆར་སྣང་ དམིགས་ཡུལ་ དང་འགན་དབང་ཚུ་འོག་ལུ་བཀོད་མི་ལྟར་ཡོད།

འཆར་སྣང་།

ཡིད་ཆེས་ཚུགས་པའི་རང་ཙན་བཟོ་ནི་དང་ལས་སྣ་ཚུ་གྲོས་བསྟུན་འབད་དེ་ དཔལ་ལྡན་འབྲུག་གཞུང་ལུ་ སྤུས་ཚད་དང་ཕན་གནོད་ཆེ་བའི་ལཱ་གི་རྒྱབ་སྐྱོང་འབད་ནི་དང་ཉེན་ཁ་འཛིན་སྐྱོང་  དམ་འཛིན་ཐབས་ལམ་ གཞུང་སྐྱོང་གི་བྱ་རིམ་དང་ ལས་རིམ་ཚུ་ཡར་དྲག་གཏང་ཐོག་ལས་  རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་བཞི་པ་ གཞུང་སྐྱོང་ལེགས་ལྡན་ཡར་རྒྱས་གཏང་ནི་ལུ་རྒྱབ་སྐྱོར་འབད་ནི།

དམིགས་ཡུལ།

ལས་ཁུངས་ཀྱི་དམིགས་ཡུལ་ཡོངས་སུ་འགྲུབ་ཐབས་ལུ་གནས་གོང་ཚུ་ཁ་སྐོང་བསྐྱེལ་བའི་ཐོག་ལས་ཆ་རོགས་འབད་ནི།

  • རྒྱལ་ཁབ་ཀྱི་ ནང་འཁོད་རྩིས་ཞིབ་ཀྱི་ལཱ་འགན་འགོ་འདྲེན་འཐབ་ནི།
  • ནང་འཁོད་རྩིས་ཞིབ་པ་ཚུ་ལུ་ཁྱད་རིག་ལཱ་གི་འཛིན་སྐྱོང་དང་ལྕོགས་གྲུབ་གོང་འཕེལ།
  • ནང་འཁོད་རྩིས་ཞིབ་གནས་ཚད་ ཐབས་ལམ་ ལག་ཆས་དང་  ལག་དེབ་ཚུ་ཞིབ་འཚོལ་དང་ཡིད་ཆེས་ཀྱི་སྤུས་ཚད།

འགན་ཚད།

འབྲུག་གི་མི་མང་དངུལ་རྩིས་བཅའ་ཁྲིམས་  ༢༠༠༧ ཅན་མའི་ལས་ཚན་ ༢༣(༠) པ་འདི་ དང་འཁྲིལ་ཏེ་ དངུལ་རྩིས་ལྷན་ཁག་གི་འོག་ལུ་འགོ་འདྲེན་ལས་སྡེ་ལྟེ་བ་ཡོད་མི་གིས།

ཀ༽ རྒྱལ་ཡོངས་ཁབ་ནང་འཁོད་ལས་ཕར་ ལས་སྡེ་ཁག་སོ་སོའི་ ནང་འཁོད་རྩིས་ཞིབ་ཀྱི་ལཱ་འགན་ཚུ་ག་ར་འགོ་འདྲེན་འཐབ་ནི།

ཁ༽ གཞུང་གི་ལས་སྡེ་ག་རའི་ནང་ ནང་འཁོད་རྩིས་ཞིབ་ཀྱི་ལཱ་འགན་ཚུ་ སྤུས་ཚད་ ཤོ་མཚུངས་དང་རིམ་མཐུན་ཡོདཔ་ངེས་བརྟན་བཟོ་ནི།

ག༽ དུས་དང་དུས་སུ་ བཀའ་ཁྲིམས་ གནས་ཚད་  ལག་དེབ་དང་ཀུན་སྤྱོད་རྣམ་གཞག་ཚུ་བཟོ་ནི་  བསྐྱར་ཞིབ་འབད་ནི་དང་་  བསྒྱུར་བཅོས་ཚུ་འབད་ནི།

ང་༽ ནམ་རང་འབད་རུང་ནང་འཁོད་རྩིས་ཞིབ་ལུ་ ཁྱད་རིག་གི་རྒྱབ་སྐྱོར་འབད་བྱིན་ནི་དང་ གྲོས་སྟོན་འབད་ནི།

ནང་འཁོད་རྩིས་ཞིབ་པ་ཚུ་ལུ་ལམ་སྟོན་སྤྲོད་ནི།

ཆ༽ འཛིན་སྐྱོང་ཀྱི་གནས་རིམ་ག་རའི་ནངནང་འཁོད་རྩིས་ཞིབ་ཀྱི་ཞབས་ཏོག་གི་གོ་བ་ ངོས་ལེན་དང་ ལག་ལེན་ཚུ་ཡར་དྲག་གཏང་ནི།

ཇ༽ ནང་འཁོད་རྩིས་ཞིབ་པ་ཚུ་གི་རིག་རྩལ་ ཐབས་ཤེས་ དང་ཤེས་བྱ་ཚུ་ཡར་དྲག་གཏང་ནི།

ཉ༽ གསར་བཙུགས་  གནས་སོར་  གོ་གནས་ཡར་སེང་ཚུ་འགོ་འདྲེན་འཐབ་ནི་དང་ ནང་འཁོད་རྩིས་ཞིབ་པ་ཚུ་གི་དོན་ལུ་ ཚེ་གཡོག་གི་མདུན་ལམ་གོང་འཕེལ་གཏང་ནི།

ཏ༽ ནང་འཁོད་རྩིས་ཞིབ་པ་ཚུ་གི་འགན་ཚད་བཟོ་ནི།

ཐ༽ ནང་འཁོད་རྩིས་ཞིབ་པ་ཚུ་གི་ ཁྱད་ལཱ་སྦྱང་བའི་དོན་ལུ་ གནས་ཚད་བཟོ་ནི་དང་ཆ་འཇོག་འབད་ནི།

ད༽ འབྲེལ་གཏོགས་ཅན་ཚུ་ལུ་ནང་འཁོད་རྩིས་ཞིབ་ལམ་ལུགས་ཁག་ཆེ་བའི་སྐོར་ལས་གོ་བ་བརྡ་སྤྲོད་འབད་ནི།

ན༽ རྒྱལ་ཁབ་ནང་ ནང་འཁོད་རྩིས་ཞིབ་ཞབས་ཏོག་གོང་འཕེལ་གཏང་ནི་དོན་ལུ་ གཞན་རྒྱལ་ཡོངས་ ལུང་ཕྱོགས་དང་རྒྱལ་སྤྱི་འདུས་ཚོགས་ཚུ་དང་འབྲེལ་བ་འཐབ་ནི།

 199 ཡོངས་བསྡོམས་བལྟ་མི།,  1 ད་རིས་བལྟ་མི།

Print Friendly, PDF & Email