རྒྱལ་རབས།

དངུལ་རྩིས་ལྷན་ཁག་གཞི་བཙུགས་ཀྱི་གོམས་ཐེང་དང་པ་འདི་ སྤྱི་ལོ་ ༡༩༦༡/༠༧/༩  ལུ་རྒྱལ་ཡོངས་ཚོགས་འདུ་ཐེངས་ ༡༦ པའི་འགོ་བཙུགས་ནུག །དེ་ཡང་ཧེ་མའི་ཚོགས་འདུ་གི་གྲོས་ཆོད་དངགྲོས་ཐག་བཅད་མི་ཚུ་ལུ་གཞི་བཞག་ཏེ་ ཚོགས་འདུའི་སྐབས་ སྤྱི་ཁྲ་དང་ རྩིས་ཞིབ་ཀྱི་ཚོགས་པ་ རྒྱལ་རྩིས་ཁ་ལོ་བ་ཟེར་མི་གཅིག་གཞི་བཙུགས་མཛད་ནི་སྦེ་གྲོས་ཐག་བཅད་ནུག།

རྒྱལ་རྩིས་ཁ་ལོ་བ་ཟེར་མི་ཚོགས་པ་དེ་ནང་ འཐུས་མི་བཞི་ཡོད། དེ་ཡང་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་གཅིག། ལྷན་རྒྱས་ཀྱི་སྐུ་ཚབ་གཅིག མི་སེར་གྱི་སྐུ་ཚབ་གཅིག་དང་ གྲྭ་ཚང་གི་སྐུ་ཚབ་གཅིག་བཅས་བཞི་ཨིན། ཚོགས་པ་འདི་གི་ལས་འགན་ཡང་གཙོ་བོ་ འོང་འབབ་དང་རྒྱུ་དངོས་ཚུ་འཛིན་སྐྱོང་མཛད་ནི་འདི་ཨིན་མས། གཞུང་གི་ཟད་འགྲོ་མ་བཏང་བའི་ཧེ་མ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་བཀའ་ཤོག་ཕྱག་བྲིས་མ་གཅིག་ངེས་པར་དགོ་པའི་ཁར་ ཟད་རྩིས་ཚུ་ཡང་འཐུས་མི་བཞི་གིས་མཉམ་འབྲེལ་ཐོག་འཛིན་སྐྱོང་འབད།  དེ་ལས་ལོ་ལྟར་གྱི་ཟད་རྩིས་དང་རྩིས་ཁྲ་གི་ཁ་གསལ་ཚུ་མི་དབང་མངའ་ཞབས་མཆོག་ལུ་ཕུལཝ་ཨིན་མས།

རྫོང་ཁག་སོ་སོའི་འོང་བབས་ཚུ་ མི་དབང་མངའ་ཞབས་མཆོག་གིས་ཐུགས་འདོད་དང་བསྟུན་གོ་བཀྲམ་བཏང་འདུག །

དེ་ལས་ཡར་རྒྱས་ཀྱི་འཆར་གཞི་མང་སུ་འཐོནམ་ལས་ སྤྱི་ལོ་ ༡༩༦༨ ལུ་བློན་པོ་གསརཔ་གཉིས་བསྐོ་བཞག་གནང་བའི་གྲལ་ལས་ དྲག་ཤོས་ཆོས་རྒྱལ་འདི་རྩིས་བློན་སྦེ་ སྤྱི་ཚེས་ ༢༠/༠༥/༡༩༦༨ ལུ་གསར་བསྐོས་གནང་ནུག།

རྩིས་བློན་བསྐོ་བཞག་གནང་བའི་ཤུལ་ རྒྱལ་རྩིས་ཁ་ལོ་བའི་ལཱ་དང་འགན་ཁུར་ཚུ་ དངུལ་རྩིས་ལྷན་ཁག་གིས་ཕྱག་ཕྱིད་ཞུ་ཡོདཔ་ཨིན།དེའི་ཁར་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༣༠ པའི་ཤུལ་ དངུལ་རྩིས་ལྷན་ཁག་ལུ་ ཁྲལ་གྱི་རིགས་གསརཔ་བཙུགས་ནི་དང་དང་ལེན་འབད་ནི་དང་འབྲེལ་བའི་ཞིབ་འཚོལ་གྱི་འགན་ཁུར་ཐེབས་འབག་དགོ་པའི་ བཀོད་ཁྱབ་གནང་ནུག།ལྷག་པར་དུ་ཚོགས་འདུ་ཐེངས་ ༣༣ པ་སྐབས་ དངུལ་རྩིས་ལྷན་ཁག་ལུ་ འོང་བབས་ཀྱི་ལམ་ལུགས་ལེགས་ལྡན་གཅིག་བཟོ་ནིའི་འགན་ཁུར་བསྐྱལ་འདུག།

འགན་ཁུར་བསྐྱལ་བ་བཞིན་ དངུལ་རྩིས་ལྷན་ཁག་གི་ལས་འགན་ཚུ་འབག་སྟེ་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༣༤ པའི་སྐབས་ དངུལ་རྩིས་ལྷན་ཁག་གིས་ འགོ་ཐོག་ སྤྱི་ལོ་ ༡༩༧༡ ལུ་ ཞི་གཡོག་འོང་བབས་འཆར་གཞིའི་ འོང་འབབ་དང་ཟད་རྩིས་ཀྱི་སྙན་ཞུ་ ཚུ་ཕུལ་ཡོདཔ་དང་ ཚོགས་འདུ་གིས་གཏན་འབེབས་ཐོག་ལས་ ཆ་འཇོག་གྲུབ་གནང་ནུག།

སྤྱི་ལོ་ ༡༩༨༠ འི་སྔོན་གོང་ དངུལ་རྩིས་ལྷན་ཁག་གིས་གཙོ་བོ་ཞི་གཡོག་འོང་འབབ་དང་འབྲེལ་བའི་ཕྱག་ལཱ་དང་ འཆར་གཞི་བཀོད་ཚོགས་ཀྱིས་ འཆར་གཞི་མ་དངུལ་དང་ ཕྱི་རྒྱལ་གྲོགས་རམ་ཚུ་འཛིན་སྐྱོང་འབད་སྡོད་ནུག།

སྤྱི་ལོ་ ༡༩༧༡ལོར་ ཅ་དམ་ལས་ཁུངས་གཅིག་གཞི་བཙུགས་འབད་ཡོདཔ་དང་ སྤྱི་ལོ་ ༡༩༧༨ ལས་ ཕུན་ཚོགས་གླིང་ ཅེང་མ་རི་ བསམ་རྩེ་ སིབ་སུ་ གསར་སྤངས་ ཀ་ལི་ཁོ་ལ་ དགེ་ལེགས་ཕུག་ དང་བསམ་གྲུབ་ལྗོངས་མཁར་ལུ་ ཅ་དམ་ཞིབ་དཔྱད་ཀྱི་སྒོ་ར་ཚུ་ཡང་གཞི་བཙུགས་འབད་འདུག།

ཧེ་མ་སྣུམ་འཁོར་ ཅ་ཁྲལ་དང་ འོང་འབབ་ཚུ་སྡེ་ཚན/ལས་ཁུངས་སོ་སོ་ཨིན།  སྤྱི་ལོ་  ༡༩༨༢ལོ་ལུ་  ཅ་ཁྲལ་ སྣུམ་འཁོར་དང་འོང་འབབ་ཚུ་འོང་འབབ་སྡེ་ཚན་ནང་བསྡབ་ནུག།   སྤྱི་ལོ་༡༩༨༦གི་སྔ་གོང་ ཅ་དམ་ཡིག་ཚང་དང་འོང་འབབ་གཉིས་ལས་ཁུངས་སོ་སོ་ཨིན།

སྤྱི་ལོ་ ༡༩༨༦ ལོ་ལུ་འོང་འབབ་དང་ཅ་དམ་གཉིས་གཅིག་ཁར་བསྡབ་སྟེ་འོང་འབབ་དང་ཅ་དམ་ལས་ཁུངས་གཞི་བཙུགས་འབད ་ནུག།

སྤྱི་ལོ་ ༢༠༠༤ ལུ་རྒྱན་ཤོག་ལས་ཁུངས་འདི་གཞི་བཙུགས་འབད་ནུག།  དེའི་སྔ་གོང་ལུ་འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་འོག་ལུ་མདོ་ཆེན་ཡིག་ཚང་སྦེ་སྡོད་ནུག།

སྤྱི་ལོ་ ༡༩༨༠  ལུ་ འཆར་དངུལ་གོང་འཕེལ་འདི་དངུལ་རྩིས་ལྷན་ཁག་ལུ་སྤྲོད་དེ་འཆར་དངུལ་ལས་ཁང་འདི་གསར་བཟོ་འབད་ནུག། སྤྱི་ལོ་ ༡༩༨༥ ལུ་འཆར་དངུལ་ལས་ཁང་འདི་རྩིས་ཁྲ་ལྟེ་བའི་སྡེ་ཚན་ནང་བསྡབ་སྟེ་རྒྱལ་ཡོངས་འཆར་དངུལ་དང་རྩིས་ཁྲ་ལས་ཁུངས་ཟེར་མིང་གསརཔ་བཏགས་ནུག།

སྤྱི་ལོ་ ༡༩༩༢ ལུ་གྲོགས་རམ་འགོ་འདྲེན་གྱི་ལཱ་འགན་ཚུ་ འཆར་གཞི་ལྷན་ཚོགས་ལས་དངུལ་རྩིས་ལྷན་ཁག་གི་རྒྱལ་ཡོངས་འཆར་དངུལ་དང་རྩིས་ཁྲ་ལས་ཁུངས་ལུ་གནས་སོར་འབད་ནུག །རྒྱལ་ཡོངས་འཆར་དངུལ་དང་རྩིས་ཁྲ་ལས་ཁུངས་འདི་རྒྱལ་ཡོངས་འཆར་དངུལ་དང་གྲོགས་རམ་འགོ་འདྲེན་སྡེ་ཚན་ཟེར་མིང་གསརཔ་བཏགས་ནུག།

སྤྱི་ལོ་ ༢༠༠༠ ལུ་གཞུང་གི་སྤྱི་བསྡོམས་གཞི་སྒྱུར་གྱི་ཕྱོགས་བཟུམ་སྦེ་ རྒྱལ་ཡོངས་འཆར་དངུལ་དང་་གྲོགས་རམ་འགོ་འདྲེན་སྡེ་ཚན་འདི་ཁག་གཉིས་ལུ་གྱེས་ཏེ་ དེ་ཡང་ རྒྱལ་ཡོངས་འཆར་དངུལ་དང་རྩིས་ཁྲ་ལས་ཁུངས་དང་།   གྲོགས་རམ་དང་བུ་ལོན་འཛིན་སྐྱོང་ལས་ཁུངས་ཟེར་ ལས་ཁུངས་སོ་སོ་གཉིས་ལུ་བཟོ་ནུག།

སྤྱི་ལོ་ ༢༠༠༣ ལུ་ གཞུང་གི་བཀའ་རྒྱ་དང་འཁྲིལ་ འཆར་གཞི་ལྷན་ཚོགས་འདི་ཧྲམ་གཏང་སྟེ་དྲུང་ཆེན་ཡིག་ཚང་འདི་དངུལ་རྩིས་ལྷན་ཁག་ནང་ལུ་གནས་སོར་འབད་དེ་འཆར་གཞི་ལས་ཁུངས་ཟེར་མིང་གསརཔ་བཏགས་གནང་ནུག།

གོང་གི་ལས་ཁུངས་ཚུ་ལས་ལོག་སུ་སྦེ་ དངུལ་རྩིས་ལྷན་ཁག་གིས་འོང་འབབ་དང་ཅ་དམ་ལས་ཁུངས་དང་རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཚུ་ཡང་བལྟཝ་ཨིན་མས།

མི་དབང་མཆོག་གི་སྐུ་ཚབ།

རྒྱལ་ཡོངས་ཚོགས་འཛོམས་ཐེང་ ༣༦ པའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་དབང་ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་དངུལ་རྩིས་ལྷན་ཁག་ནང་མི་དམང་རྒྱལ་པོའི་སྐུ་ཚབ་སྦེ་བསྐོ་བཞག་མཛད་གནང་ནུག།མི་དབང་ཨ་ཞེ་མཆོག་སྐུ་ཚབ་སྦེ་བཞུགས་པའི་རིང་ལུ་ ཁྲལ་གྱི་ནང་ལུ་ཕན་བདེའི་ལས་འཆར་མང་རབས་ཅིག་གཞི་བཙུགས་གནང་ཡོདཔ་ད་ དེ་ཡང་ དམིགས་བསལ་དུ་མི་ཉམས་ཆུང་ཚུ་གི་མཐའ་དོན་ལུ་དམིགས་ཏེ་ཨིན་མས།སྤྱི་ལོ  ༡༩༩༡ ལོ་མཇུག་བསྡུ་ཁམས་ལུ་ མི་དབང་ཨ་ཞེ་མཆོག་མི་དབང་རྒྱལ་པོའི་སྐུ་ཚབ་སྦེ་ དངུལ་རྩིས་ལྷན་ཁག་ལས་སོ་ནམ་ལྷན་ཁག་ནང་བྱོན་ནུག།

 317 ཡོངས་བསྡོམས་བལྟ་མི།,  1 ད་རིས་བལྟ་མི།

Print Friendly, PDF & Email